Sample Transcript 3

Interview about Dungkar Lobzang Trinle

Link to Original Youtube Video from VOA Tibetan

ཀ ༽ རྣམ་པ་ཚོ་སྐུ་ཁམས་བཟང་། ང་དཀོན་མཆོག་དོན་གྲུབ་ཡིན། ཨ་རིའི་རླུང་འཕྲིན་ཁང་བོད་སྐད་སྡེ་ཚན་གྱི་ཐེངས་འདིའི་ཁ་བའི་མི་སྣ་ཡི་ལེ་ཚན་གྱི་ནང་དུ། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་ངོ་སྤྲོད་བྱ་རྒྱུ་དང་། ཁོང་གི་སྐུ་ཚེའི་ལོ་རྒྱུས་ཀྱི་སྐོར་ལ། ཨ་རིའི་རླུང་འཕྲིན་ཁང་བོད་སྐད་སྡེ་ཚན་གྱི་རྩོམ་སྒྲིག་འགན་འཛིན་ཚེ་བརྟན་དབང་ཕྱུག་དང་ལྷན་དུ་བགྲོ་གླེང་བྱ་རྒྱུ་ཡིན། འོ་དེ་ནི། དབང་ཕྱུག་ལགས། དེ་རིང་ངེད་གཉིས་ཀྱིས་ངོ་སྤྲོད་ཞུ་ཡག་གི་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས། ཁོང་ཚང་ཡིན་ན། ད་ང་ཚོ་ལོ་རབས། དུས་རབས་ཉི་ཤུ་པའི་ནང་ལ་བོད་ཀྱི་རིག་གནས་ཉམས་པ་སླར་གསོ་བྱེད་ཡག་ལ་ཡིན་ན། བྱས་རྗེས་ཆེ་ཤོས་ཀྱི་མཁས་པ་ཞིག་ཡིན་དུས་སྒང་ལ། མཁས་པ་ཁོང་གི་བྱས་རྗེས་དང་། མི་རེ་རེ་ལ་སློབ་སྦྱོང་བྱེད་ཡག་གི་ཉམས་མྱོང་མི་འདྲ་བ་མི་འདྲ་བ་ཡོད་རེད། ཨ་ནི། རྒན་ལགས་ཀྱི་ཉམས་མྱོང་དེ་ག་རེའི་སྒང་ནས་ཡིན་ན།

ཁ ༽རེད། ད། རིན་པོ་ཆེ་ངས་དང་པོ་ཕལ་ཆེར་མཇལ་ཡག་དེ་ཚོད་དཔག་འདྲ་པོ་བྱས་པ་ཡིན་ན། ཆིག་སྟོང་དགུ་བརྒྱ་བདུན་ཅུ་དོན་བཞི་དོན་ལྔ་དེ་བར་ཡིན་པ་འདྲ། ༡༩༧༤།༡༩༧༥ དང་པོར་མཇལ་དུས། དེ་དུས་ང་ཚོ་སྤུ་གུ་ཆུང་ཆུང་རེད་པ། རིན་པོ་ཆེས་བཀའ་མོལ་གནང་དུས་ཙམ་པ་ལ། ཞལ་རས་དེ་ཞལ་དིག་དིག་འདྲ་ཞིག་ཡོད་རེད། གསལ་པོ་ཞེ་དྲགས་མ་གནང་མཁན་བཟོ་འདྲ་ཞིག བྱས་ཙང་། ང་ཚོ་ཆུང་ཆུང་ཡིན་དུས་ཙ་ནས། ངའི་སྤུན་ཀྱག་ཅིག་གིས། ངའི་ཨ་ཁུ་ལགས་ཀྱིས་རིན་པོ་ཆེ་ཞེ་པོ་ཞིག་མཁས་པ་རེད། རིན་པོ་ཆེའི་ལྕེ་ལེའི་སྒང་ལ་ཨོཾ་གཅིག་ཡོད་རེད་ཟེ་བྱས་བྱས། ཨིན་འདྲས་ལབ་བྱས། དེའི་བག་ཆགས་འདྲ་ཞིག་ཞེད་པོ་གཏིང་ཟབ་པོ་བཞག་ཤག ཨ་ནི། འདིའི་གཞུག་གུ་དེ་བར་ཏོག་ཚོད་ཏོག་ཚོད་མཇལ་སོང་སྟེ། ཡིན་ནའི་ལས། ང་ཚོ་དང་ལོ་ཆུང་ཆུང་རེད། རིན་པོ་ཆེ་ལ་བཀའ་མོལ་ཞུ་ཡག་ཨིན་འདྲས་བྱུང་མ་སོང་། ཨ་ནི་དེའི་རྗེས་དེར། ང་པེ་ཅིན་སློབ་གྲྭར་ཕྱིན་བྱས་ཡིན་ན། ད་པེ་ཅིན་སློབ་གྲྭར་འཛུལ། ཨ་ནི། རིན་པོ་ཆེ། མར་གི་པེ་ཅིན་སློབ་གྲྭར་དགེ་རྒན་གནང་གི་ཡོད་རེད། དེ་འདྲ་ཡིན་དུས། དེ་ནི་རིན་པོ་ཆེ་མཇལ་ཡག་དང་། རིན་པོ་ཆེའི་རྩ་ནས་སློབ་འཁྲིད་ཞུ་ཡག་ཨི་འདྲས་མང་པོ་བྱུང་སོང་།

ཀ ༽འོ་ལགས་སོ། རྒན་ལགས། དེ་ནི། དུང་དཀར་རིན་པོ་ཁོང་ཚང་ཡིན་ན། འཁྲུངས་ས། འཁྲུངས་ཡུལ་ག་བར་ཡིན་ན། དེ་ནི། ཆུང་དུས་ཁོང་ཚང་བསླབ་པ་སློབ་གཉེར་གནང་ཡག་དང་། རྗེས་ལ་ཡིན་ན་ཡང་། ཁོང་ཚང་། ཡང་སྲིད་ལ་ངོས་འཛིན་བྱེད་ཡག་དེ་འདྲས། ད་དེ་ཚོ་ཡི་བརྒྱུད་རིམ་དེ་ཚོ་གང་འདྲས་འདྲ་པོ་ཞིག་ཡིན་ན།

ཁ ༽ག་རེ་རེད་ཟེར་ན། ད་དུང་དཀར་རིན་པོ་ཆེའི་ད་ལྟ་དུང་དཀར་སྐུ་འཕྲེང་བརྒྱད་པ་རེད་ཤག རིན་པོ་ཆེ་ད་ལྟ་འཁྲུངས་ཡག་དེ་ཆིག་སྟོང་དགུ་བརྒྱ་ཉི་ཤུ་རྩ་བདུན་༡༩༢༧ལོ་ལ་ཀོང་པོ་ཉིང་ཁྲི་ལ། རིན་པོ་ཆེ་ཡི་དགོན་པ་དེ་ཡང་མར་གི་ཉིང་ཁྲིའི་ནང་ལོགས་རང་ལ་ཡོད་རེད། དེང་སང་ཡང་ཡོད་རེད། བྱས་བྱས། ཆིག་སྟོང་དགུ་བརྒྱ་སུམ་ཅུ་སོ་བདུན་༡༩༣༧ལོ་ལ་༸གོང་ས་བཅུ་གསུམ་པ་ཆེན་པོ་མཆོག་གིས་རྦད་དེ་དུང་དཀར་རིན་པོ་ཆེའི་སྐུའི་ཡང་སྲིད་ལ་ངོས་འཛིན་གནང་རྒྱོག་ཅིག་དང་། ད་ལྟ་འདི་བློ་བཟང་འཕྲིན་ལས་ཟེ་རིན་པོ་ཆེའི་མཚན། ཆོས་མིང་། རིན་པོ་ཆེའི་མཚན་འདི་རེད་པ། འདི་ཕལ་ཆེར་ཕ་བོང་ཀ་རིན་པོ་ཆེས་གནང་རྒྱོག་ཡིན་ས་རེད། རྗེས་ལ་ཡིན་ན། བོད་ལ་སྔ་མོ་ནས་འདི་ག་རེད། ཆོས་བརྒྱུད་ཁག་གིས། ད་གང་ལྟར། ལྷག་པར་དུ་ཡིན་ན། དགེ་ལུགས་པ་ཡིན་ན། བླ་མ་ལོ་ཆུང་བ་དེ་ཚོ་སྒང་ག་གདན་ས་ཁག་ལ་བཏང་གི་རེད་པ། བཏང་བྱས་ཡིན་ན། སེར་ར་ལ་སེར་སྨད་ཀྱི་ཀོང་པོ་ཁང་ཚན་ལ་བཞུགས་བྱས། ད་ཕྱག་དཔེ་དེ་ཚོ་ཞེད་པོ་ཞིག་དགུང་ལོ་ཆུང་ཆུང་སྐབས་ནས་ཞེད་པོ་གཅིག་མཁས་པོ་ཡོད་ས་རེད། བྱས་བྱས། ཨ་ནི། ཆིག་སྟོང་དགུ་བརྒྱ་བཞི་བཅུ་ཞེ་དགུ་༡༩༤༩ཡིན་ན་གཅིག་ལ། དགེ་བཤེས་ལྷ་རམས་པ་བཏང་བྱས་ཡིན་ན། ད་གང་ལྟར་འདིའི་སྐབས་ནས་སེར་རའི་ནང་ལོགས་ལ་སྐད་གྲགས་ཞེ་དྲག་ཡོད་རྒྱོག་དེ་འདྲ་ཞིག་རེད་ཤག དེ་བྱས། ཨ་ནི། དེའི་རྗེས་ལ་ལྔ་བཅུ་ང་གྲངས་དེ་བ་ལ་རྒྱ་མི་སླེབས་བྱས། ཨ་ནི། ཆིག་སྟོང་དགུ་བརྒྱ་དྲུག་ཅུ་ཐམ་པའི་༡༩༦༠ལོ་ལ། མར་གི་པེ་ཅིན་ལ་སློབ་གྲྭ་ལ། ད་དེ་དུས་མར་གིར་པེ་ཅིན་ལ་མི་རིགས་སློབ་གྲྭ་ཆེན་མོ་ཟེར་མཁན་ཞིག་ཡོད་རེད་པ། འདིའི་ནང་ལ་བོད་ཡིག་སྡེ་ཚན་ཞིག་ཡོད་རེད། དེའི་ནང་ཐོག་མར་དེ་དྲུག་ཅུ་ཐམ་པའི་ལོ་ལ་ཕེབས། ཕར་གིར་ལོ་ལྔ་དྲུག་ཅིག་བཞུགས་ཡོད་ས་རེད། རིག་གནས་གསར་བརྗེའི་གོང་ཚོད་ཅིག་ལ། ཨ་ནི། ཡང་བོད་ལ་ཡར་ཕེབས་བྱས། ཨ་ནི། ད་རིག་གནས་གསར་བརྗེ་དང་དེ་ཚོས་དཀའ་ངལ་ཞེད་པོ་ཞིག་འཕྲད་པ་རེད། བྱས་ཙང་། ངར་མཇལ་དུས་སྐབས་དེ་དུས་རེད་ཤག དེ་ནས་ང་ཚོ་བདུན་ཅུ་དོན་བདུན། དོན་བརྒྱད་ལོ་ལ་ཡིན་པ་འདྲ། དོན་བརྒྱད་ལོ་ལ་རིན་པོ་ཆེ་མར་གི་པེ་ཅིན་དུ་བསྐྱར་དུ་གདན་འདྲེན་ཞུས་བྱས། མར་གི་སློབ་གྲྭའི་དགེ་རྒན་ལ་གདན་འདྲེན་ཞུས་པ་རེད། ང་བདུན་ཅུ་དོན་དགུའི་ལོ་ལ་མར་གི་སློབ་གྲྭར་ཕྱིན་པ་ཡིན། དེ་ནས་བྱས་བཞུགས་བྱས། བརྒྱད་ཅུ་ཕལ་ཆེར་གྱ་བཞི་ཡིན་ན་གྱ་ལྔ་ཡིན་ན་གཅིག་གི་བར་དུ་བཞུགས་པ་རེད། དེའི་རྗེས་ལ་ཡང་ལྷ་སར་ཕེབས་བྱས། ལྷ་སའི་སློབ་གྲྭ་ཆེན་མོའི་ནང་ལོགས་ལ་དགེ་རྒན་གནང་བྱས། མཐའ་མ་དེ་དགོངས་པ་མ་རྫོགས་བར་དུ་མར་གིར་དགེ་རྒན་གནང་བྱས་བཞུགས་པ་རེད།

ཀ ༽དེ་ནི་རྒན་ལགས་འདྲ་པོ་ཡིན་ན། དུང་དཀར་རིན་པོ་ཆེ་ཚང་གི་འཁྲིས་ནས་སློབ་སྦྱོང་གནང་མྱོང་རྒྱོག་དང་། དེའི་སྒང་ལ་ཁོང་ཚང་གི་ནམ་རྒྱུན་གྱི་འཚོ་བའི་ནང་ལ་ཕྱག་ལས་གནང་སྟངས་དང་། སློབ་འཁྲིད་འཆད་སྟངས་དང་། དེ་ཚོ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་འདྲ་པོ་གང་འདྲས་མཐོང་གི་འདུག

ཁ ༽ད་རིན་པོ་ཆེ། ཕལ་ཆེར་ཚང་མ་ལོ་ཡིས་ཚོད་དཔག་གནང་ཐུབ་ཀྱི་རེད། རིན་པོ་ཆེ་དང་པོ་ནས་ཞེད་པོ་ཞིག རྦད་དེ། སློབ་སྦྱོང་དང་དེ་འདྲའི་སྒང་ལ། ག་རེ་ཟེར་དགོས་རེད། ནུས་པ་འདྲ་པོ་ཆ་ཚང་བཅོར་གནང་མཁན་དེ་རེད་འདུག་ག རྒྱུན་དུ་ནས་ངས་རིན་པོ་ཆེའི་གཟིམས་ཁང་དེ་བ་ལ་བཅར་མྱོང་། བཅར་དུས་ཙམ་པ། རིན་པོ་ཆེས་མི་གསར་པ་འདྲ་སླེབས་སོང་ན། ཨོ་ཁྱེད་རང་ག་ནས་ཕེབས་པ་ཟེ་གཅིག་བྱས་བྱས། བཀའ་མོལ་འདྲ་གནང་གི་རེད། རེད་པ། དངོས་གནས་བྱས་ན། རིན་པོ་ཆེའི་ཨ་ཅོག་གིས་གསན་གྱི་ཡོད་ས་མ་རེད། ཡང་སྐར་མ་ཁ་ཤས་ཕྱིན་སོང་། ཡང་བསྐྱར་ད་ག་རང་སྐད་སྐྱོན་གྱི་རེད། རིན་པོ་ཆེ་ཁོ་རང་ཕྱག་དཔེ་འདྲ་གཟིགས་ཀྱི་ཡོད་ནའི་རེད། དེབ་འདྲ་ཞིག་བྲིས་ཀྱི་ཡོད་ནའི་རེད། དེའི་སྐོར་ལ་བསམ་བློ་བཏང་བྱས་བཞུགས་མ་གཏོགས། སྤྱི་ཚོགས་ཀྱི། ང་ཚོའི་རྒྱུན་ལྡན་འདི་བ་ལ་ཅི་གྲོས་མི་གྲོས་བཤད་བྱས་ཡོད་རེད་པ། གཅིག་འཛུལ་བྱས་གནང་ཁ་གནང་གི་རེད། ག་རེ་ཟེར་དགོས་རེད། གཅིག་གནང་གི་ཡོད་མདོག་མདོག་འདྲ་ཞིག ཁྱིམ་ཚང་གི་འདི་འདྲ་རྩ་བ་ཉིད་ནས་ཡོད་མ་རེད། ཨ་ནི་རིན་པོ་ཆེས་གསུང་ཡག་བྱས་པ་ཡིན་ན། ང་ཚོ་སྔོན་མ་སློབ་འཁྲིད་བྱེད་པའི་སྒང་ལ་ཨི་འདྲ་གསུངས་མྱོང་། སྔོན་མ་དགུང་ལོ་ཆུང་ཆུང་ཡིན་དུས་སེར་ར་ལ་དཔེ་ཆ་གཟིགས་པའི་སྐབས་ལ། ང་རིག་པ་ཞེད་པོ་ཞིག་ཡག་པོ་ཡོད། ཨ་ནི། ཞོགས་ཀས་འདུག་ཟེ་ལངས་བྱས། སྤག་ཟ་དུས་ཙམ་པ་ལ། ཁབ་འཁྱེར་བྱས། ཁབ་དེ་འདུག་ཟེ་དཔེ་ཆ་ལ་བཙུགས་བྱས། ཁབ་འདིར་ཤོག་ལྷེ་ག་ཚོད་བཙུགས་ཐུབ་པ་ཡིན་ནའི་ཉིན་གཅིག་ལ་དེ་ངག་ལ་བཟུང་ཡག་སེམས་ཐག་བཅད་བྱས། ངག་ལ་བཟུང་ཐུབ་པར་བྱེད་ཀྱི་ཡོད་ཟེ། བཟུང་ཐུབ་ཀྱི་འདུག་ཟེ་ཞེད་པོ་གསུངས་ཀྱི་འདུག་ག དེ་ནས་ངས་དམིགས་བསལ་ངོ་སྤྲོད་ཞུ་དགོས་ཡག རྒན་ལགས། སློབ་འཁྲིད་གནང་ཡག་ལ་ཞེད་པོ་ཞིག་མཁས་པའི་དགེ་རྒན་ཞིག་རེད་པས་ཟེར་ན། སློབ་འཁྲིད་ཁོ་རང་གནང་ཡག་དེ་ཞེད་པོ་ཞིག་མ་རེད། ད་གྱི་ངས་ཞུས་སོང་ང་། རིན་པོ་ཆེས་ཁ་ནས་བཀའ་མོལ་གནང་དུས་ཙམ་པ་ལ། ཁ་ནས་མུ་གེ་མུ་གེ་གསུང་གི་རེད། རྒན་མཁྱེན་རབ་འོད་ཟེར་ལགས་དང་། རྒན་དམུ་དགེ་བསམ་གཏན་ལགས་ཁོང་ཚོ་སློབ་འཁྲིད་གནང་མཁས་པོ་ཞེད་པོ་ཞིག་རེད། ད་ད་ལྟ་རྒན་ལགས་ཀྱི་སྐུ་ཡོན་དེ་ཞེད་པོ་ཞིག་ཆེན་པོ་རེད་འདུག་ག ཞེད་པོ་ཞིག་མར་བརྐྱངས་གནང་ཐུབ་ཀྱི་རེད། སློབ་འཁྲིད་གནང་དུས་ཙམ་པ་ལ། གཉིས་པ། དམིགས་བསལ་གྱི་ག་རེ་གསུངས་ཀྱི་འདུག་ཟེར་ན། ང་ཚོ་དཔེར་ན། ཆ་བཞག་ན། བདུན་ཅུ་དོན་དགུར་མར་གིར་སླེབས་པ་རེད། དེའི་རྗེས་ལ་ང་ལོ་ཁ་ཤས་ཤིག་རིན་པོ་ཆེས་སློབ་འཁྲིད་གནང་དུས་ཙམ་པ་ལ། ང་ཚོའི་སློབ་ཚན་མང་པོར་རིན་པོ་ཆེ་མཆོག་གིས་དགེ་རྒན་གནང་པ་རེད། གནང་དུས་ཙམ་པ་ལ། དུང་དཀར་རིན་པོ་ཆེས་སློབ་འཁྲིད་གནང་དུས་ཙམ་པ་ལ། ང་ཚོ་འཛིན་གྲྭའི་ནང་ལ། ང་ཚོ་སློབ་ཕྲུག་དེ་གད་དེ་མདུན་ལ་བྱས། རྒྱབ་ལོགས་ལ། ཟུར་ལ་ཉན་གར་ཡོང་མཁན་ཞེད་པོ་ཞིག་ཡོད་རེད། ད་འདི་བ་རྒྱ་མའི་མཁས་པ་ཝང་ཡུའུ་ཟེར་ཡག་དང་། དྲན་ཅན་ཟེར་མཁན། དེ་ཚོ་རྒྱ་ནག་ནང་སྐད་གྲགས་ཆེན་པོ་འདུག་ག ད་ག་ནང་བཞིན་དཔོན་རིགས་བཟོ་འདྲ་པོ། དཔེར་ན་ཆ་བཞག་ན། བརྒྱད་ཅུ་གྱ་གཅིག་གི་འགོ་སྟོད་འདི་བ་ལ། ཧུ་ཡུའུ་བྷང་གི་སྐབས་ལ་བོད་ཡིག་སྦྱང་དགོས་རེད་ལབ་ཙང་། བོད་རང་ལྗོངས་ལྗོངས་ཀྱི་པ་སངས་ཧྲུའུ་ཅི་ཟེར་མཁན་དེ་ཡང་ཕར་གིར་ཡོད་རེད། ད་འདི་གད་སླེབས་དུས་ཙམ་པ། རིན་པོ་ཆེས་ང་ཚོར་སློབ་མཚན་ཏོག་ཙམ་འཁྲིད་གནང་། དེའི་མཉམ་དུ་ཉན་མཁན་མི་གནད་འགག་དེ་འདྲ་ཉན་གར་ཡོང་མཁན་མང་པོ་ཡོད་ཙང་། ཁོང་ཚོའི་ཆེད་དུ་ཡིན་གྱི་རེད་པ། ད་རིན་པོ་ཆེ་ཡིས། གང་ལྟར། ཟུར་ཟ་དང་། ཁ་ཐུག་གསུང་གི་ཡོད་ནའི་རེད། ད་བར་ལ་རྒྱ་ནག་གཞུང་གིས་བོད་ཀྱི་རིག་གཞུང་དོ་སྣང་མ་བྱས་པ་དང་། ད་གཅིག སྐྱོན་བརྗོད་གནང་ཡག་ཅིག་ཡོད་རེད་པ། ཞེད་པོ་ཞིག་ཚ་པོ་གསུང་གི་རེད་ད། རྟག་པར་རེ་བཞིན། ཁོང་ཚོ་ཉན་མཁན་དེ་ཚོ་ངོ་ཚ་ཐག་ཆོད་བྱས། ང་ཚོ་ཡང་མཚམས་མཚམས་འཚེ་མཁན་(ངོ་ཚ་པོ་)བཟོ་འདྲ་ཞིག ཞེ་མཁན་བཟོ་འདྲ་ཞིག ཨོ་རིན་པོ་ཆེས་འདི་འདྲས་བྱས་ན། ཁོང་ཚོས་གཅིག་བྱས་མ་ཡོང་ངས་བསམ་བསམ་འདྲ་འདུག བྱས་ཙང་། རིན་པོ་ཆེས་ཨི་འདྲའི་སྒང་ལ་ཐད་ཀར་གསུང་ཡག་ལ་འཛེམ་གཟོན་ཁྱོན་ནས་མེད་བྱས་བྱས། བོད་ཀྱི་རིག་གཞུང་དང་དེ་ཚོར་ཤུགས་ཆེན་པོ་ཞེད་པོ་ཞིག་གསུངས་ཐུབ་མཁན་དེ་འདྲ་རེད་ཤག བྱས་བྱས།

ད་གང་ལྟར། རིན་པོ་ཆེ་དེ་འདྲའི་སྒང་ལ་དཔེ་ཆ་དང་། ད་མ་ཚང་ཟེར་ཟེར་གྱི་རེད་པ། རིན་པོ་ཆེས་འཁྲིད་གནང་པའི་སྐབས་སུ་ལྟས་པ་ཡིན་ན། ཞེད་པོ་ཞིག་ཐུགས་སྣང་གནང་མཁན་ཞིག་རེད་ཤག དེའི་སྒང་ལ་ངས་གཅིག་ཞུ་དགོས་བསམ་སོང་། ག་རེ་ཟེར་དགོས་རེད། སྔ་མོ་དགོན་པ་དང་ཨི་འདྲས་ལ་དགེ་བཤེས་ལྷ་རམས་དང་བཏང་གནང་རྒྱོག་དེ་ཚོ། ཆོས་ཕྱོགས་ཀྱི་ཕྱག་དཔེ་དང་དེ་འདྲ་ལ་ཞེད་པོ་ཞིག་མཁས་པོ་ཡིན་ན་ཡང་། ཡང་ཁག་ཅིག་རིག་གཞུང་དང་། ལོ་རྒྱུས་དང་ཨི་འདྲ་ལ་འདི་ག་ཙམ་དོ་སྣང་མི་འདུག་ག ད་དུང་དཀར་རིན་པོ་ཆེ་དམིགས་བསལ་གཅིག་ག་རེ་ཡོད་རེད་ཟེར་ན། རིག་གཞུང་དང་དེ་འདྲས། ཆོས་ཕྱོགས་དང་འབྲེལ་བ་མེད་པའི་བོད་ཀྱི་རིག་གཞུང་ཞིག་ཡོད་རེད་པ། དེ་ལ་ཞེད་པོ་ཞིག་ཐུགས་སྣང་ཆེན་པོ་ཡོད་པ་མ་ཟད། མཁྱེན་རྒྱ་ཞེད་པོ་ཞིག དངོས་གནས་ཧང་སང་ཡག་གི་ཆེན་པོ་ཡོད་རེད་ད། སྤྱིར་བཏང་ཨི་འདྲས་གཅིག་པོ་ལ་དོ་སྣང་བྱེད་མཁན་རྒན་ལགས་དེ་འདྲ་ཡོད། རྒན་ལགས་ཁོང་ཚོ་ཡང་ཧང་སང་བསྡད་འདུག། རྒན་ལགས་དངོས་གནས་གྲྭ་པ་དང་ཕར་གི་གདན་ས་ཁག་ནས་ཐོན་རྒྱོག་གཅིག་གིས་འདི་འདྲས་དོ་སྣང་ཆེན་པོ་ཞིག་ཡོད་པ་དེ་ཧང་སང་ཡག་ རེད་ཟེ་གསུང་གི་འདུག

ཀ ༽ད་རེད། རྒན་ལགས་ཀྱིས་གསུངས་པ་ནང་བཞིན། དུང་དཀར་རིན་པོ་ཆེ་ཁོང་ཚང་ཡིན་ན། ད་ལྟ་བར་དུ་བོད་ཀྱི་རིག་གནས་ཀྱི་སྒང་ལ་ཁོང་བྱས་རྗེས་ཆེན་པོ་ཡིན་ཡག་དེ། ཕྱག་དཔེ་མང་པོ་བྲིས་གནང་ཡོད་རེད། ད་ཚིག་མཛོད་སྒྲིག་ཡག་དང་། ད་དེ་འདྲའི་བྱས་རྗེས་མང་པོ་ཞིག་ཡོད་རེད། ད་ཁྱེད་རང་གི་བསམ་པ་ལ་དེ་དག་ལས་ཀྱང་ཁོང་གི་མཛད་རྗེས་ཆེ་ཤོས་དེ་ཚོ་ག་རེ་ག་རེ་རེད་བསམ་གྱི་འདུག

ཁ ༽འོ་ད། མཛད་རྗེས་ཆེ་ཤོས་དེ་སྟབས་བདེ་པོ་རེད། ངས་བྱས་ན། བདུན་ཅུ་དོན་གྲངས་དང་བརྒྱད་ཅུ་གྱ་གྲངས་ལ་བོད་ཀྱི་རིག་གཞུང་འདི་བསྐྱར་གསོ་བྱེད་ཡག་གི་དུས་ཚོད་སླེབས་པའི་སྐབས་དེར། ད་རིན་པོ་ཆེ་གཅིག་པོ་དང་མ་རེད་དེ། རིན་པོ་ཆེས་གཙོ་བོ་སྣེ་འཁྲིད་གནང་མཁན་བྱས་བྱས། ད་ལྟ་ང་ཚོ། དེ་རིང་ཁ་སང་འདི་བ་ལ་རྒྱུན་དུ། ད་པན་ཆེན་རིན་པོ་ཆེ་བཀའ་དྲིན་ཆེན་པོ་ཞེ་དྲག་ཡིན་ཟེར་གྱི་འདུག་ག གལ་སྲིད་པན་ཆེན་རིན་པོ་ཆེ་གཞུང་གི་སྲིད་ཇུས་དང་ཨི་འདྲའི་སྒང་ནས་བཀའ་དྲིན་ཆེན་པོ་ཡིན་པ་ཡིན་ན། དངོས་གནས་ཕར་གིར་དོན་སྐྱོལ་བསྐྱལ་བྱས་ཡིན་ན། བོད་པ་ཚོའི་རིག་གཞུང་དེ་བསྐྱར་གསོ་བྱེད་མཁན་དེ་ཡིན་ན། བཀའ་དྲིན་ཆེ་ཤོས་དེ་ཡིན་ན། རིན་པོ་ཆེ་གཏན་འཁེལ་བ་རེད་བསམ་གྱི་འདུག ཨ་ནི། དེའི་སྒང་དེར། ངས་འདི་བསམ་གྱི་འདུག རིན་པོ་ཆེས་སྔ་མོའི་གཅིག དཔེར་ན་ཆ་བཞག་ན། རིག་གནས་གསར་བརྗེ་འི་རྗེས་འདི་བ་ལ། མར་གྷ་སེ་འི་དེབ་ཞེ་དྲག་ཀློག་རུ་བཅུག་གི་ཡོད་རེད་པ། རིན་པོ་ཆེ་ཞེད་པོ་ཞིག་དབྱིངས་བྱས་བྱས། ཞེད་པོ་ཞིག་ཀློག་གནང་གི་ཡོད་རེད་ཟེར་གྱི་འདུག ཀློག་གནང་བྱས། རིན་པོ་ཆེའི་ངོས་ནས་བྱས་ན། མར་གྷ་སེ་ཟེར་མཁན་དེ་ད་ག་སེ་གུང་ཁྲན་བཏང་འདི་འདྲ་གཅིག་པོ་མི་ཡིན་པར། ཡུ་རོབ་ཀྱི་དེང་དུས་ཀྱི་ལོ་རྒྱུས་ཐོག་གི། གང་ལྟར། ལྟ་གྲུབ་རིག་པའི་མཁས་པ་ཞིག་རེད་ཟེ་འདི་འདྲས་ཟེར་གྱི་ཡོད་རེད་པ། དེ་འདྲ་སོང་ཙང་། རིན་པོ་ཆེ་ནུབ་ཕྱོགས་ཀྱི་ལྟ་གྲུབ་རིག་པའི་ཐོག་ལ་མང་པོ་ཞེད་པོ་ཨི་འདྲ་སློབ་སྦྱོང་གནང་ཡག་བྱུང་མེད་ནའི། མར་གྷ་སེ་ཡི་འདི་སློབ་སྦྱོང་ཡག་པོ་གནང་བྱས། འདི་འདྲ་སོང་ཙང་། ནུབ་ཕྱོགས་ཀྱི་བསམ་བློ་དེ་ཚོ་ཡོད་རེད་པ། ད་ལྟ་གྲུབ་ཡིན་ནའི་རེད། ཡང་ཞིབ་འཇུག་བྱེད་སྟངས་ཡིན་ནའི་རེད། འདི་གད་འཁྱེར་བྱས་། བོད་ཀྱི་རིག་གཞུང་དང་ལོ་རྒྱུས་དེ་གད་ལ་ཞིབ་འཇུག་གནང་བྱས། རིན་པོ་ཆེས་བྲིས་གནང་པའི་རྩོམ་དེ་ཚོར་ངས་བྱས་ན་ཁྱད་ཆོས་དེ་ཡོད་རེད་བསམ་གྱི་འདུག གལ་སྲིད་དེང་དུས་ཀྱི་ཡུ་རོབ་ཀྱི་རིག་གཞུང་དང་བོད་པའི་རིག་གཞུང་གི། སྲོལ་རྒྱུན་གྱི་རིག་གཞུང་བར་ལ་མཐུད་ཀ་བཙུགས་མཁན་འདྲ་ཞིག མི་ཞིག་བསམ་བློ་བཏང་པ་ཡིན་ན། ངས་བྱས་ན། རིན་པོ་ཆེ་དང་པོ་དེ་ཚོའི་གྲས་ཆགས་ཀྱི་རེད་བསམ་གྱི་འདུག དེའི་སྒང་ལ། རིན་པོ་ཆེའི་ཕྱག་དེབ་མང་པོ་ཡོད་རེད་པ། དཔེར་ན། དུང་དཀར་ཚིག་མཛོད་ཆེན་མོ་དང་། དེ་ཚོ་དངོས་གནས་ང་ཚོར་བཀའ་དྲིན་ཆེན་པོ་རེད་འདུག་ག ང་ཚོའི་ལོ་རྒྱུས་ལ་མར་བལྟས་པ་ཡིན་ན། མི་ཐོག་མང་པོས་ལྟ་ཡག་དེ་འདྲ་རེད་བསམ་གྱི་འདུག ཨ་ནི་ངས་དེ་བསམ་གྱི་འདུག ག་རེ་ཟེར་དགོས་རེད། ང་འདི། རིན་པོ་ཆེ་དགོངས་པ་རྫོགས་ཚར་ཙམ་ལ། རིན་པོ་ཆེ་ཡིས་དྲན་རྟེན་གྱི་ཆེད་དུ་བྱས་བྱས། ང་ལ་འདིར་རིན་པོ་ཆེས་ཕྱག་བྲིས་གནང་རྒྱོག་དེ་འདྲས་གཅིག་གཉིས་ཤིག་རག་བྱུང་། རིན་པོ་ཆེ་དམིགས་བསལ་ཞེད་པོ་ཞིག་རེད་འདུག་ག ད་ག་རེ་ཟེར་དགོས་རེད། ང་རང་ཚོ་བོད་པ་སྤྱིར་བཏང་མང་ཆེ་བ་ཉིན་ཐོ་འདྲ་པོ་འབྲི་བཞག་ཡག་འདྲ་པོ་གོམས་གཤིས་ཞེ་དྲག་ཡོད་མ་རེད། སྔ་མོའི་མི་ལྷག་པར་དུ། དེའི་སྒང་ལ་རིག་གནས་གསར་བརྗེའི་སྒང་འདི་བ་ལ། རིན་པོ་ཆེས་འདི་ཚོ་རྦད་དེ། ད་ལྟ་འདིའི་ནང་ལོགས་ལ་ངའི་ཤོག་ལྷེ་ཁ་ཤས་ཤིག་ཡོད། འདི་ཚོ་མང་ཆེ་བ་རིག་གནས་གསར་བརྗེའི་སྐབས་འདི་བ་ལ་རེད། རིན་པོ་ཆེས་ཞེད་པོ་ཞིག་ཉིན་ཐོ་དེ་ཚོ་ཉར་གནང་བྱས། དེ་ཚོ་ཕྱག་ཁོ་རང་གིས་བྲིས་གནང་བྱས། འདི་རིན་པོ་ཆེ་ཡི་མཐའ་མའི་ཡི་གེ་རེད། འདི་ངའི་ལག་པར་དྲན་རྟེན་གྱི་ཆེད་དུ་རག་སོང་། བཀའ་དྲིན་ཆེན་པོ་ཡིན། ཨ་ནི་ཁོང་སྤྱིར་བཏང་གི་མཁས་པ་ཞིག་དང་མི་འདྲ། སྤྱིར་བཏང་གི་བོད་པ་ཞིག་དང་མི་འདྲ། ང་རང་ཚོ་བོད་པའི་སྲོལ་རྒྱུན་གོམས་གཤིས་ཨི་འདྲའི་ནང་ལ་མེད་ཀྱོག་འདྲས་། བོད་པ་སྐྱེས་པ་མང་པོ་ཞིག་གིས་ཉིན་ཐོ་བྲིས་ཨི་འདྲས་གོམས་གཤིས་ཡོད་ཀྱི་མ་རེད། རིན་པོ་ཆེ་འདི་རྦད་དེ་དམིགས་བསལ་ཐུན་མོང་མ་ཡིན་པ་ཞེད་པོ་ཞིག་རེད་ཤག་བསམ་བསམ་འདྲ་ཞིག་དྲན་གྱི་འདུག

ཀ ༽ལགས་སོ། དེ་ནི། དུང་དཀར་རིན་པོ་ཆེ་ཁོང་ཚང་ཡིན་ན། ཡང་རྗེས་ལ་ནུབ་ཕྱོགས་རྒྱལ་ཁབ་དེ་ཚོར་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་ལ་ཕེབས་ཡག་དང་། མཉམ་བཞུགས་ཆེད་དུ་ཐེངས་མ་ཁ་ཤས་ཕེབས་ཡག་དེ་འདྲ་གོ་ཡག་འདུག དེ་འདྲའི་གནས་ཚུལ་འདྲ་པོ་རྒན་ལགས་ག་རེ་བསམ་གྱི་ཡོད་ན།

ཁ ༽རེད་ཡ། རིན་པོ་ཆེ་གཞུག་གུར་དེ་བར་མཚན་སྙན་གྲགས་དེ་ཚོ་ཆེན་པོ་ཞེད་པོ་ཆགས་བྱས། བོད་རིག་པའི་ཚོགས་འདུ་དེ་འདྲར་ཐེངས་མ་ཁ་ཤས་ཤིག་ཕེབས་པ་རེད། ཆིག་སྟོང་དགུ་བརྒྱ་དགུ་གོ་གྲངས་ད་ང་གསལ་པོ་ཞིག་དྲན་གྱི་མི་འདུག པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་ཞུས་པའི་ལོ་དེར་རེད། དེ་དུས་ཡིན་ན། ཕར་གིར། ཨོ་སི་ཋི་ལི་ཡར་བོད་རིག་པའི་ཚོགས་འདུ་ཞིག་འཚོགས་པ་རེད། དེ་དུས་རིན་པོ་ཆེ་ཕེབས་ཤག ང་ཡང་དེ་དུས་ཡོད། རིན་པོ་ཆེ་མཇལ་ཡག་གི་གོ་སྐབས་ཤིག་བྱུང་སོང་། བྱས་བྱས། རྗེས་ལ། རིན་པོ་ཆེ་ཡིས། ག་རེ་ཟེར་དགོས་རེད། སྔ་མོའི་རིག་གཞུང་དེ་ཚོ་ཡོད་རེད་པ། བོད་ནང་ལ་གཅིག་པོ་མ་ཡིན་པར། རྒྱལ་སྤྱི་ཁོ་རང་གི་ཐོག་ལ་ཞིབ་འཇུག་བྱེད་ཡག་ལ། དངོས་གནས། ཚང་མ་ལོ་ཡིས། རིན་པོ་ཆེ་ཕར་གིར་ཡོད་དུས་སྐབས་ལ་བོད་རིག་པའི་མཁས་པ་མང་པོ་ཡོད་རེད་པ། རྦད་དེ་སྒང་ག་ལོ་ཞེད་པོ་ཞིག་འཚང་ཁ་ཤིག་ཤིག་བྱས་བྱས། རིན་པོ་ཆེ་བཀའ་དྲི་ཞུ་ས་དང་དེ་འདྲས་ཡོད་ན་མེད་ན་གཅིག་རེད་ཤག

ཀ ༽དེ་ནི་རྒན་ལགས། ཁོང་ཚང་གི་སྐུ་ཚེ་མཐའ་མ་དེ་གང་འདྲས་འདྲ་པོ་ཆགས་ཡོད་ན། ཁྱེད་རང་གིས་འདི་གཅིག་གསུངས་གནང་དང་།

ཁ ༽རེད། ད་རིན་པོ་ཆེ་གཞུག་གུར་མཐའ་མ་དེ་བོད་ལྗོངས་སློབ་གྲྭ་ཆེན་མོའི་ནང་ལ་སློབ་འཁྲིད་གནང་བྱས་རྒྱུན་རིང་པོ་བཞུགས་པ་རེད། བཞུགས་པའི་རྗེས་ལ་ཡིན་ན་རྒས་ཡོལ་ལ་ཕེབས། རྒས་ཡོལ་ལ་ཕེབས་བྱས། ད་རྒས་ཡོལ་ལ་ཕེབས་པའི་རྗེས་ལ་ཡང་མཚན་སྙན་གྲགས་ཀྱང་བོད་ཀྱི་ཞིབ་འཇུག་ལྟེ་གནས་དང་། དེ་འདྲས་མང་པོ་བཞེས་ཡོད་རེད་དེ། ཡིན་ནའི་སྤྱིར་བཏང་བྱས་ན་རྒས་ཡོལ་ལ་ཕེབས་པ་རེད། རྒས་ཡོལ་ལ་ཕེབས་ནས་གཞུག་གུ་དེར་སྐྲན་གྱི་ན་ཚ་བཞེས་འདུག་ག བཞེས་བྱས་ཡིན་ན། འགའ་རོ་སྡུག་རུ་ཆགས་ཚར་ནས་ཐེབས་རྩ་ཁང་དང་འདི་འདྲས་ཀྱིས་རོགས་པ་བྱས་བྱས། གཞུག་གཞུག་ལ་འདི་བ་ཨ་མི་རི་ཀར་ཕེབས་པ་རེད། ཨ་མི་རི་ཀར་ཕེབས་བྱས་ཡིན་ན། ཆིག་སྟོང་དགུ་བརྒྱ་དགུ་བཅུ་གོ་བདུན་༡༩༩༧ལོར་ཟླ་བ་༢་ཚེས་པ་༢༢་ཡིན་པ་འདྲ། ལུ་སང་ཅི་ལ་དགོངས་པ་རྫོགས་པ་རེད། རིན་པོ་ཆེ་ཕར་གིར་ཚར་ནས། དངོས་གནས་བྱས་ན་ང་མཇལ་ཁར་བཅར་དགོས་ཡོད་དེ། དེ་དུས་ཙམ་པར་ང་རང་ཡང་འདི་བར་ལས་ཀ་འདྲ་བྱས། ཉི་མ་གཅིག་གཉིས་ཤིག་བྱས་བྱས་ཡིན་ན། འགྲོ་མ་ཐུབ་པར་བྱས་ད་གར་དགོངས་པ་རྫོགས་ཤག ད་དེ་ང་རང་གི་མི་ཚེའི་ནང་འགྱོད་པ་ཆེ་ཤོས་འདྲ་པོ་ཞིག་ཆགས་སོང་། རིན་པོ་ཆེ་མཐའ་མ་དེ་དགོངས་པ་རྫོགས་ས་ཨ་མི་རི་ཀའི་གྲོང་འཁྱེར་ལུ་སང་ཅི་ཟེར་ས་དེར་དགོངས་པ་རྫོགས་པ་རེད།

ཀ ༽ལགས་སོ། རྒན་ལགས། ད་དུས་ཚོད་ཀྱི་དབང་གིས་དེ་རིང་ང་གཉིས་ཀྱི་ངོ་སྤྲོད་འདི་ནས་མཚམས་བཞག་དགོས་སོང་། ཨ་ནི་རྒན་ལགས་ཀྱིས། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཁོང་གི་སྐུ་ཚེའི་ལོ་རྒྱུས་ཀྱི་སྐོར་ངོ་སྤྲོད་གནང་བར་ཐུགས་རྗེ་ཆེ།

ཁ ༽ཐུགས་རྗེ་ཆེ།

ཀ ༽གོང་དུ་ང་ཡིས་བཅར་དྲི་ཞུ་ས་ནི། ཨ་རིའི་རླུང་འཕྲིན་ཁང་། བོད་སྐད་སྡེ་ཚན་གྱི་འགན་འཛིན་ཚེ་བརྟན་དབང་ཕྱུག་ལགས་ཡིན། རྣམ་པ་ཚོས་ང་ཚོའི་ལེ་ཚན་ལ་གཟིགས་པར་ཐུགས་རྗེ་ཆེ།

Hope you enjoyed and made use of this free transcript!

Would you like your Tibetan audio or video materials transcribed professionally?