ཀ ༽སྐུ་ཁམས་བཟང་། ཨ་རིིའི་རླུང་འཕྲིན་ཁང་གི་དྲྭ་བརྙན་གླེང་མོལ་གཟིགས་པའི་དུས་ཚོད་རེད། ང་བསོད་ནམས་དབྱངས་འཛོམས་ཡིན། ཐེངས་འདིར་ང་ཚོའི་བོད་ཀྱི་བུད་མེད་ཀྱི་རྩོམ་པ་པོ་དང་། དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ནང་ཉམས་ཞིབ་ཀྱི་ཕྱག་ལས་གནང་མཁན་པདྨ་ཆོས་སྒྲོན་ལགས་དང་དྲྭ་བརྙན་གླེང་མོལ་ཞུ་ཡི་ཡིན། ཁོང་ཡིན་ན། བོད་ཕྱི་ནང་གཉིས་ཀྱི་སྤྱི་ཚོགས་ལ་རྒྱུས་ཡོད་མཁན་གྱི་བུད་མེད་རྩོམ་པ་པོ་ཞིག་རེད། པདྨ་ཆོས་སྒྲོན་ལགས། ཐོག་མར་དེ་བཀྲ་ཤིས་བདེ་ལེགས་ཞུ་གི་ཡིན།
ཁ ༽བཀྲ་ཤིས་བདེ་ལེགས། བསོད་ནམས་ལགས།
ཀ ༽ཨ་ནི། ཐོག་མར་དེ་ཡིན་ན། ཁྱེད་རང་གིས་རྩོམ་འབྲི་དང་བསྒྱུར། ཞིབ་འཇུག་གི་ལས་ཀ་མང་པོ་གནང་ཡོད་རེད། ཐོག་མར་ང་ཚོ་རྩོམ་འབྲིའི་ཐོག་ནས་བཤད་པ་ཡིན་ན། ད་བར་ཁྱེད་རང་གིས་རྩོམ་ག་ཚོད་ཚོད་སྤེལ་ཡོད། ཨ་ནི། དེ་ཚོ་ཡི་ད་མིག་དཔེ་ལྟ་ས་རེད། ཀུན་སློང་འཐད་ས་རེད། མི་སྣ་ག་ཚོད་ཡོད།
ཁ ༽ ང་རང་གི་ངོས་ནས་ཕལ་ཆེར་རྩོམ་འབྲི་ཡག་འགོ་བཙུགས་བྱས། ཕལ་ཆེར་ལོ་ལྔ་དྲུག་ཅིག་ཆགས་ཤག ཡིན་ན་ཡང་། གྲངས་འབོར་གྱི་ཆ་ནས་ང་ཨི་འདྲས་མང་པོ་བྲིས་ནས་འདི་ཞེ་དྲགས་མེད། ཡིན་ནའི་བྲིས་རྒྱོག་དེ་ཏི་ཚོད་སྤུས་དག་ཡག སྤུས་དག་པོར་བྲི་ཡག་གི་ཐབས་ཤེས་བྱེད་མཁན་གྱི་ཨི་འདྲའི་གཤིས་ཀ་འདྲ་ཞིག ང་རང་ལ་ཨི་འདྲའི་གཤིས་ཀ་འདྲ་པོ་དང་གོམས་གཤིས་འདྲ་པོ་ཞིག་ཡོད།
བྱས་ཙང་། ད་ལྟའི་ཆ་ལ་ལོ་ཕལ་ཆེར་ལྔ་དྲུག་གི་རིང་ལ་བརྩམས་ཆོས་ལབ་ནའང་འདྲ། ང་རང་གིས་བསྒྱུར་རྒྱོག་གི་ཕལ་ཆེར་དེབ་གཅིག ཤོག་གུ་ཨོ་ཚོད། དེབ་མཐུག་པོ་གཅིག་བསྒྱུར་བཞག་ཡོད། དེ་ག་རེ་ཆགས་ཡོད་རེད་ལབ་ན། རྒྱ་ཡིག་ནས་བོད་ཡིག་ལ་བསྒྱུར་རྒྱོག་གི་སྒྲུང་གཅིག་ཆགས་བསྡད་ཡོད།
གཅིག་ཨ་ནི། ང་ཚོ་བཙན་བྱོལ་ནང་ཡོད་རྒྱོག་གི་བུད་མེད་རྩོམ་པ་པོ། དབྱིན་ཇི་དང་བོད་ཡིག་གཉིས་ཆར་ནང་ལ་རྩོམ་འབྲི་མཁན་གྱི་བུད་མེད་རྩོམ་པ་པོའི་གྲངས་ཀ་ཕལ་ཆེར་བཅུ་བཅོ་ལྔ་ཚོད་ཡོད་ཀྱི་རེད། ཁོང་ཚོའི་བརྩམས་ཆོས་རྦད་དེ། ག་རེ། ད་སོ་སོའི་ཚབ་མཚོན་རྩོམ་ཡིག་ལབ་དགོས་རེད་པ། ཨི་འདྲས་ཡིན་རྒྱོག་གི་རྩོམ་ཁ་ཤས་ཤིག་ངས་ཕྱོགས་སྒྲིག་བྱས་བྱས་དེབ་གཅིག་ཡོད།
དེ་ཡིན་ཙང་། ངས་ད་ལྟ་བར་དུ། ང་རང་སྒེར་གྱི་ངོས་ནས་བཏོན་བཞག་རྒྱོག་གི་དེབ་ཆགས་བསྡད་ཡོད། དེ་མ་ཡིན་པ། ཨ་ནི་ང་ད་ལྟ་བུད་མེད་ཚོགས་པའི་ནང་ནས། བུད་མེད་ལྷན་ཚོགས་ནང་ནས་བྱེད་བཞིན་པ་ཡི་དེབ་རྐང་གསུམ་ཡོད། དེ་ད་དུང་པར་བསྐྲུན་བྱེད་རྒྱུ་ཡིན། དེ་གསུམ་ཆར་ཕལ་ཆེར་ཚར་འགྲོའོ་འདྲ་པོ་ཞིག་ཡིན། འདི་ཙམ་ཡིན། མང་པོ་ཞེ་དྲགས་མེད།
ཀ ༽ཐོག་མར་དེ་ལ་ཡིན་ན། ཁྱེད་རང་གིས་ད་རྩོམ་འབྲི་བྱས་བཞག་པ། སྒྲུང་རྩོམ་ཡིན་ནའང་རེད། རྩོམ་ཡིག་ཡིན་ནའང་རེད། དེ་ཚོའི་ནང་ལ་ཁྱད་ཆོས་གཙོ་བོ་ཞིག་ག་རེ་མངོན་ཐུབ་ཀྱི་ཡོད་རེད། དེའི་ཐོག་ལ་ག་རེ་ག་རེ་ངོས་འཛིན་གནང་གི་ཡོད་ན།
ཁ ༽ ང་རང་གི་ངོས་ནས་ངའི་རྩོམ་ལ་ཁྱད་ཆོས་འདི་ཡོད་ཟེ་ལབ་ཡག་གི་ཞེ་དྲགས་བཤད་ཚོད་ཐིག་གི་མི་འདུག་སྟེ། ཡིན་ན་ཡང་། ང་རང་གི་རྩོམ་ཡིག་དགའ་ཤོས་དེ་ག་རེ་ཆགས་ཀྱི་ཡོད་ལབ་ན། བརྩམས་སྒྲུང་དང་ལྷུག་རྩོམ་ཆགས་བསྡད་ཡོད། དེའི་རྗེས་ལ་སྙན་ངག་འདྲ་པོ་ཏི་ཚོད་ཏི་ཚོད་འབྲི་ཁ་འདྲ་པོ་བྱེད་ཀྱི་ཡོད།
ཨ་ནི་སོ་སོ། ག་རེ་ཟེར་དགོས་རེད། སོ་སོ་དགའ་ཕྱོགས་ལབ་དགོས་རེད། འདི་བརྩམས་སྒྲུང་འབྲི་ཡག་དགའ་པོ་ཡོད་ཙང་། ང་རང་གི་བརྩམས་སྒྲུང་ལ་མི་ཡིས་བཤད་ཡག་ལ་ཁྱད་ཆོས་འདྲ་པོ་གང་ཡིན་ཟེར་ན། ངས་བརྩམས་སྒྲུང་བྲིས་རྒྱོག་དེར་གློག་བརྙན་ནང་བཞིན་གྱིས། ཨ་ནི་ཀློག་པའི་སྐབས་མིག་ལ་མཐོང་ཡོང་ཡག་གི་དེ་འདྲའི་ཁྱད་ཆོས་ཤིག་འདུག་ལབ་བྱས། ང་ལ་སྒྲུང་ཀློག་(ཉན་)མཁན་གྱི་མི་ཁ་ཤས་ཀྱིས་ཨི་འདྲས་བཤད་མྱོང་ཡོད། ཕལ་ཆེར་ངའི་བརྩམས་སྒྲུང་གི་ཁྱད་ཆོས་འདྲ་ཞིག་ཆགས་ཡོད་འགྲོ། དེ་མ་ཡིན་པའི་ང་ལ་ཞེ་པོ་ཁྱད་ཆོས་ལབ་ཡག་དེ་ང་རང་གིས་ཁྱད་ཆོས་འདུག་མ་བསམ་ལགས།
ཀ ༽ལགས་སོ། ད་ཁྱེད་ཀྱི་རྩོམ་གྱི་ཁྱད་ཆོས་དེ་ཡིན་ན། མངོན་སུམ་རང་བཞིན་འདྲ་པོ་ཞིག་ཡོད་ཡིན་ས་རེད། ཨ་ནི། དུས་རྒྱུན་དུ་ནས་ད་ཁྱེད་རང་གིས་རྩོམ་ཡིག་དང་། དེབ་ཕྱོགས་སྒྲིག་གནང་འདུག ལྷག་པར་དུ་ཡིན་ན་བོད་ཕྱི་ནང་གི་བུད་མེད་ཀྱི་རྩོམ་པ་པོ། དབྱིན་སྐད་དང་བོད་ཡིག་ནང་ལ་ཡོད་པའི་རྩོམ་ཞིག་དེབ་ཕྱོགས་སྒྲིག་གནང་ཡོད་རེད། འདི་ཕྱོགས་སྒྲིག་གནང་དགོས་པའི་ད་ཀུན་སློང་འདྲ་པོ་ག་རེ་ཞིག་གཟིགས་གནང་ཡོད་ན། ཁྱེད་རང་གི་ངོས་ནས།
ཁ ༽ ཐོག་མའི་ཀུན་སློང་ལབ་ནའང་འདྲ། ང་ཝ་ར་ཎཱ་སཱའི་མཐོ་སློབ་ལ་སློབ་གྲྭ་འགྲོ་བཞིན་པའི་སྐབས་རེད། དེའི་སྐབས་ལ་ས་གནས་བུད་མེད་ཀྱི་ཚོགས་གཙོ་ཡིན་པའི་སྐད་ཆ་རེད། དེའི་སྐབས་ལ་ང་ཚོ་བུད་མེད་ཚོགས་པ། བུད་མེད་ཚོགས་པ་ཡི་ངོས་ནས་ད་བུད་མེད་ཀྱིས་ནམ་རྒྱུན་ཆབ་སྲིད་ཀྱི་ལས་འགུལ་མ་ཡིན་པའི་ཤེས་ཡོན་རང་བཞིན་གྱི་ལས་ཀ་བྱེད་ཡག་གི་ང་ཚོ་སྐད་ཆ་ཞིག་བྱུང་པ་རེད།
ཨ་ནི། ཤེས་ཡོན་དེ་ག་རེ་སྐོར་ནས་བཤད་དགོས་ཡོད་མེད་སྐད་ཆ་ཞིག་ང་ཚོ་ཐེངས་མང་པོ་བགྲོ་གླེང་བྱེད་པའི་སྐབས་ལ། ཨ་ནི། ཕལ་ཆེར་བོད་ནང་ནས་སྐབས་དེ་དུས། ཕལ་ཆེར་ཉིས་སྟོང་བརྒྱད་དགུ་ཡས་མས་ཤིག་ཡིན་བསམ་སོང་། སྐབས་དེ་དུས་བོད་ནང་ནས་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ཡི་རྒན་ལགས་པདྨོ་ལབ་ཡག་ཅིག་གིས། བོད་ནང་ལ་ཡོད་རྒྱོག་གི་བུ་མོ་དེ་ཚོ་ཡི་རྩོམ་ཕྱོགས་སྒྲིག་བྱས་བྱས། ཨི་འདྲ་ཡི་དེབ་འཇོ་གླིང་ལབ་ཡག་གི་ཨི་འདྲས་བཏོན་བྱས། ཕྱི་ལོག་ལ་འགྲེམ་སྤེལ་བྱས་རྒྱོག་ཨི་འདྲས་འདི་ང་ཚོས་མིག་གིས་མཐོང་ཡོད་རེད།
དེ་ག་ནང་བཞིན་བོད་ནང་ནས་ཨི་འདྲས་བཏོན་པའི་སྐབས་ལ། བོད་ཕྱི་ལོག་ནས་ཨི་འདྲས་བྱས་ན་ཡག་པོ་འདུག་ལབ་བྱས་ང་ཚོ་སྐད་ཆ་བྱུང་པ་རེད། བྱས་ཙང་། ང་རང་གིས་འདིའི་འགན་འདྲ་པོ་ཞིག་འཁྱེར་བྱས། ཨ་ནི། བཙན་བྱོལ་ནང་ལ་ཡོད་པའི་སྐད་ཡིག་འདྲ་མི་འདྲ་ནང་ལ་རྩོམ་(ཉན་)རྒྱག་མཁན་གྱི་རྩོམ་པ་པོ་ཡིན་ལབ་མཁན་གྱི་དེ་འདྲ་ཡི་ཕལ་ཆེར་བུད་མེད་གྲངས་ཀ་བཅུ་བཅོ་ལྔ་ཞིག་ལ། ང་ཚོས་རང་སོ་སོའི་རྩོམ་ཡག་ཤོས་དེ་ང་ཚོར་སྐུར་རོགས་བྱིས། ང་ཚོས་ཕྱོགས་སྒྲིག་བྱེད་ཀྱི་ཡིན། རྩོམ་སྒྲིག་བྱེད་ཀྱི་ཡིན། པར་སྐྲུན་བྱེད་ཀྱི་ཡིན། གང་ཐུབ་ཐུབ་རང་ཚོའི་ཚབ་མཚོན་རྩོམ་ཡིག་དེ་ཚོ་སྐུར་(འགྲོའོ་)རོགས་བྱིས་ཟེ་རེ་སྐུལ་ཞུས་པ་ནང་བཞིན་གྱིས། ཁོང་ཚང་གི་རྩོམ་གང་ལ་གང་འཚམ་འབྱོར་བྱས་ང་ཚོས་པར་སྐྲུན་ཞུ་ཐུབ་པར་བྱུང་ཡོད་རེད།
དེའི་ཐོག་མའི་ཀུན་སློང་དང་ང་ཚོའི་སྐད་ཆ། འཆར་གཞི་འདྲ་པོ་ཨི་འདྲས། འཆར་གཞི་བཏིང་བ་ནང་བཞིན་གྱིས་གྲུབ་པ་འདྲ་པོ་བྱུང་བྱས། ཨ་ནི། ཕལ་ཆེར་ཉིས་སྟོང་དགུ་ཡིན་ན་གཅིག་ལ། ཨ་ནི། ང་ཚོས་སྤྱི་ཚོགས་སྒང་ལ་འགྲེམས་ཐུབ་པར་བྱུང་ཡོད་རེད།
ཀ ༽པདྨ་ཆོས་སྒྲོན་ལགས་ཁྱེད་རང་ཆུང་དུས་སྐབས་སུ་ཡིན་ན། བོད་ནས་སྐྱེས། འཚར། དེ་ནས་ཕྱིས་སུ་རྒྱ་གར་དུ་སླེབས་ནས་སློབ་སྦྱོང་བྱས་པའི་དེ་འདྲས་མི་ཚེའི་མྱོང་བ། ད་བོད་ཕྱི་ནང་གཉིས་ཀ་ལ་རྒྱུས་ཡོད་མཁན་གྱི་བུད་མེད་ཅིག་ཆགས་བསྡད་ཡོད་རེད། དེ་འདྲའི་བར་ལ། ཨ་ནི་ཁྱེད་རང་ལ་རྩོམ་ཡིག་འབྲི་ཡག་གི་འཁོར་ཡུག་དང་། རྒྱུ་ཆ་མང་པོ་ཞིག་རྙེད་པ་ཞིག་ལ། ད་ལྟ་ཡིན་ན་ཕར་ཕྱིར་ཞིབ་རྒྱབ་པའི་སྐབས་སུ་ཡིན་ན། དེ་འདྲ་ཞིག་ལ་ངོས་འཛིན་གནང་གི་ཡོད་ན།
ཁ ༽ལགས་རེད། ལགས་རེད། བསོད་ནམས་ལགས་ཀྱིས་གསུངས་པ་ནང་བཞིན་རེད། ཕྱོགས་གཅིག་ནས་ང་རང་རྩོམ་འབྲི་ཡག་གི་གོམས་གཤིས་འདྲ་པོ་དེ། གཤིས་ཀ་འདྲ་པོ་དེ་གཅིག་འདུག གང་ཡིན་ཟེར་ན། ཞེ་དྲགས་སྐད་ཆ་བཤད་ཡག་མི་དགའ་ཡག་བྱས། དེབ་ཀློག་བྱས་དགའ་ཡག་དང་། ལྟད་མོ་ལྟ་ཡག་དེ་དགའ་ཡག་ཨི་འདྲའི་གཤིས་ཀ་ཞིག་ཡོད། དེ་གཅིག་བྱས།
ཨ་ནི། གཉིས་པ་དེ་ང་ཚོ་བོད་ནས་འཚར་ལོངས་བྱུང་། དེ་ནི་ལོ་གང་ལ་གང་འཚམ་གྱི་རྒྱབ་ལ། ཡང་བཙན་བྱོལ་ནང་འདི་འདྲ་བྱས་ནས་ཡོང་དགོས་འཁེལ། ཨ་ནི། བོད་ཕྱི་ནང་གི་ཁོར་ཡུག་མི་འདྲ་བ་བརྗེ་(མོ་)བོ་རྒྱབ། དེའི་སྒང་ལ་འཚོ་བ་དང་སློབ་སྦྱོང་དང་། གང་ཅིའི་ཐད་ནས་བརྗེ་བོ་ཞིག་རྒྱབ། ཨི་འདྲས་བྱས་ནས། ཨ་ནི། སོ་སོ་ཡི་མི་ཚེའི་བརྒྱུད་རིམ་དེ་གློག་བརྙན་ནང་བཞིན། བརྩམས་སྒྲུང་གི་བརྗོད་གཞི་ཆགས། ཕལ་ཆེར་ཐད་ཀར་ཆགས་སོང་བ་འདྲ་པོ་ཞིག་ཆགས་བསྡད་ཡོད་རེད།
ད་བསོད་ནམས་ལགས་ཀྱིས་གསུངས་པ་ནང་བཞིན་རེད། ཁོར་ཡུག་འགྱུར་ལྡོག་དང་། འཚོ་བ་ཡི་གནོན་ཤུགས། སློབ་སྦྱོང་གི་དཀའ་ངལ། ཨ་ནི། རབ་དང་རིམ་པ་དེ་ཚོ་ཚང་མ་ལ་ང་ཚོ་བརྩམས་སྒྲུང་འབྲི་ཡག་གི་རྒྱུ་ཆ་འདྲ་པོ་དང་། བརྒྱུད་རིམ་འདྲ་པོ་དང་། དེའི་སྒང་ལ་གོམ་པ་སྤོ་ཐུབ་པ་འདྲ་པོ་ཞིག་བྱུང་ཡོད་རེད། ལགས་རེད།
ཀ ༽ད་པདྨ་ལགས་ཁྱེད་རང་ཡིན་ན། དེ་རིང་ཁ་སང་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ནང་ལ་ཉམས་ཞིབ་དང་། གསར་བཀོད་ཀྱི་ཐོག་ནས་ལས་རིགས་གཉེར་གྱི་འདུག ཨ་ནི་འདིའི་ནང་ལོག་ནས་ལས་གཞི་ཆེ་ཁག་ག་རེ་ག་རེ་གཉེར་བཞིན་པ་ཡིན།
ཁ ༽ ངའི་ལས་གཞི་ཆེ་ཁག་འདྲ་པོ་དེ་འདི་ཆགས་བསྡད་ཡོད་རེད། ད་ང་ཚོ་བུད་མེད་ཚོགས་པ་འདི་སྤྱི་ལོ་༡༩༥༩/༠༣/༡༠=༡༢ ནས་བྱུང་བ་ཞིག་ཆགས་བསྡད་ཡོད་རེད། དེ་ནས་རྒྱུན་མཐུད་བྱས་ཕལ་ཆེར་ད་ལྟ་བར་དུ་འགྲོ་བཞིན་པའི་སྒང་རེད། ཨ་ནི། བུད་མེད་ལྷན་ཚོགས་ལབ་ཡག་གི་སྒྲིག་འཛུགས་འདི། ཁ་ཤས་ཀྱིས་ད་ལྟ་བར་དུ་ཡིག་ཐོག་ཏུ་ཕབ་མི་འདུག བྱས་ཙང་། ངས་ལྔ་བཅུ་ང་དགུ་ནས་ད་ལྟ་བར་དུ་བུད་མེད་ལྷན་ཚོགས་ཟེར་ཡག་གི་སྒྲིག་འཛུགས་འདིའི་ཕྱག་ལས་གནང་མཁན་གྱི་ལས་གནས་གཙོས་པའི་བྱེད་སྒོ་རྣམ་གཞག་ག་རེ་ཡོད་པ། དེ་ཚང་མ་ཡིག་ཐོག་ལ་ཕབ་བྱས། ང་ཚོས་ལོ་རྒྱུས་ཤིག་ཕྱོགས་སྒྲིག་བྱེད་ཀྱི་ཡོད། དེ་གཅིག་ཆགས་བསྡད་ཡོད་རེད།
དེ་ནི་ལྔ་བཅུ་ང་དགུ་ནས་ད་ལྟ་བར་དུ་ཡི་བོད་ཕྱི་ནང་གིས་བོད་ཀྱི་འཐབ་རྩོད་ཀྱི་ཆེད་དུ་ཆ་ཤས་ལེན་མཁན་གྱི་བུད་མེད། ལྷག་པར་དུ་རང་ལུས་མེ་བསྲེགས་བཏང་བས་གཙོས་པའི་དྲུག་ཅུ་རེ་གྲངས་དང་བདུན་ཅུ་དོན་གྲངས་ལ། ཨ་ནི། རྒྱ་ལ་ཁ་གཏད་བཅག་བྱས་བཙོན་ཁང་ནང་ནས་གྲོངས་རྒྱོག་དང་། ཨི་འདྲའི་དཔའ་མོ་རིགས་མང་པོ་ཞིག་བྱུང་བསྡད་ཡོད་རེད། ཁོང་ཚོ་ཡི་ལོ་རྒྱུས་བཙད་ཞིབ་བྱས་བྱས་དེ་ཕྱོགས་སྒྲིག་བྱེད་བསྡད་ཡོད། དེ་གཉིས་པ་ཆགས་བསྡད་ཡོད།
གསུམ་པ་དེ་ང་ཚོའི་བུད་མེད་སྒྲིག་འཛུགས་ལ་ས་གནས་ཕལ་ཆེར་ལྔ་བཅུ་ང་དྲུག་ལྷག་ཙམ་ཆགས་བསྡད་ཡོད་རེད། ཨ་ནི། ཚོགས་མི་ཆིག་ཁྲི་བདུན་སྟོང་ལྷག་ཙམ་ཆགས་བསྡད་ཡོད་རེད། ཨ་ནི་ཁོང་ཚོ་ཡིས་ས་གནས་ཀྱི་ལོ་རྒྱུས་དེ་ང་ཚོས་སྣང་མེད་བཞག་བྱས་འགྲིག་གི་མི་འདུག་ཟེ། ས་གནས་རང་ལ་བུད་མེད་དེ་ཚོས་རྦད་དེ་ཨ་ལུ་མོག་མོག་ཚུན་ཆད་ཙམ་ཞིག་ལ་ཡང་ཞེ་དྲགས་ཀྱི་དཀའ་ལས་རྒྱབ་རེད། ཁོང་ཚོའི་བྱས་རྗེས་ལབ་ནའང་འདྲ། ལས་ཀ་བྱེད་ལུགས་བྱེད་སྟངས་དེ་ཚོ་ང་ཚོས་ཡིག་ཐོག་ལ་ཕབ་དགོས་འདུག་ཟེ་བསམ་བློ་དེ་འཁོར་བ་ནང་བཞིན་གྱི་ངས་དེ་ཕྱོགས་སྒྲིག་བྱེད་ཀྱི་ཡོད།
དེ་བྱས་བྱས། ད་ཕལ་ཆེར་ང་རང་གི་ལས་ཀ་ཆེ་ཁག་འདྲ་པོ་དེ་དེ་གསུམ་ཆགས་བསྡད་ཡོད་ལགས། ཨ་ནི་དེ་བྱས་པའི་བརྒྱུད་རིམ་ནང་ལ། ང་ལ་དཀའ་ངལ་ཆེ་ཤོས་ག་རེ་འཕྲད་སོང་ལབ་ན། ཡིག་ཆ་ཏག་ཏག་ཅིག་ལག་པར་མ་སོན་པར་བྱས། ལྷག་པར་དུ་ང་ཚོའི་ས་གནས་ཀྱི་ཚོགས་པ་དེ་ཚོར་སོ་སོའི་ཡིག་ཚང་མེད་ཙང་། ཁ་ཤས་ལ་ཡིག་ཚང་མེད་ཙང་། ཁོང་ཚོས་ཡིག་ཆ་མང་པོ་ཞིག་ཉར་ཚགས་བྱས་མི་འདུག བྱས་ཙང་། ཡིག་ཆ་མི་རག་པའི་དཀའ་ངལ་ཆེ་ཤོས་འདི་བྱུང་སོང་ལགས།
ཀ ༽ཨ་ནི། ལོ་རྒྱུས་ཕྱོགས་སྒྲིག་བྱེད་ཡག་ཟེར་བ་འདི་ཡིན་ན། འདས་པའི་གནས་སྟངས་ག་རེ་བྱུང་བ་དེ་ལ་ཕྱིར་མིག་ལྟ་སའི་ཡིག་ཆ་བང་མཛོད་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་རེད་པ། ཨ་ནི། བོད་ཀྱི་བུད་མེད་ལྷན་ཚོགས་ནང་ལ་ཕྱག་ལས་གནང་གི་ཡོད་རེད། ཨ་ནི། དུས་རབས་ཉི་ཤུ་རྩ་གཅིག་པ་འདི་ལ་བོད་པའི་བུད་མེད་ཟེར་ཡག་འདི་ལ་ཁྱད་ཆོས་ག་རེ་འཚང་དགོས་ཡོད་པ་ཞིག་ངོས་འཛིན་གནང་གི་ཡོད།
ཁ ༽ དུས་རབས་ཉི་ཤུ་རྩ་གཅིག་གི་བུད་མེད་དེ། བུ་དང་འདྲ་འདྲ་གིས་དཔུང་པ་མཉམ་གཤིབ་བྱས་ནས། མདུན་ལ་ཐོན་པ་ནང་བཞིན་གྱི་དགོས་རྒྱོག་མི་ཚང་མས་བཤད་སྟངས་གཅིག་པ་ཆགས་བསྡད་ཡོད་རེད། ཡིན་ན་ཡང་ང་རང་སྒེར་གྱི་བསམ་བློ་བྱས་པ་ཡིན་ན། བུ་མོ་དེ་སོ་སོ་མདུན་ལ་ཐོན་པ་དང་། སྤྱི་ཚོགས་ཀྱི་སྒང་ནས་སྣེ་ཁྲིད་ཐུབ་པ་དེ་ཙམ་མ་ཡིན་པའི། སོ་སོ་ཡིས། གང་ལབ་དགོས་རེད། སོ་སོ་ཡིས་སོ་སོར་ཚད་བྱེད་ཐུབ་མཁན། སོ་སོ་ག་རེ་དགའ་ཡི་ཡོད་ནའང་། ག་རེ་བསམ་གྱི་ཡོད་ནའི། བྱེད་ཐུབ་རྒྱོག་དེ་གལ་ཆེ་ཤོས་རེད་བསམ་གྱི་འདུག
དང་པོ་སོ་སོ་སྒེར་གྱི་ངོས་ནས། རང་བཙན་འདྲ་པོ་ཐོབ་པར་བྱས་བྱས། མི་ཕར་ཕྱོགས་ཀྱིས་གཅིག་བཤད་པ་ཡིན་ནའི་དེ་ནང་བཞིན་རེད་བསམ་བསམ་འདྲ་པོ་དང་། ཨི་འདྲའི་གཞན་རྟེན་གྱི་བསམ་བློ་ལབ་ཀྱི་འདུག་ག མི་གཞན་དག་ལ་བརྟེན་བྱས། བསམ་སྤྱོད་གཉིས་ཆར་མི་གཞན་དག་ལ་བརྟེན་བྱས། སོ་སོ་སོ་སོས་རང་ངོ་མ་ཟིན་པར་བྱས། ཨ་ལས། འདི། དངོས་བྱས་ན། ང་བྱེད་སྙིང་བྲོ་ཡི་མི་འདུག་ད། ཡང་འདི་བྱེད་དགོས་འཁེལ་སོང་། མི་གཞན་དག་གི། ག་རེ་ལབ་དགོས་རེད། ངོ་ལྡོག་ཤེས་མ་སོང་ལབ་ཡག་དང་། ཨ་ནི་སོ་སོའི་དགའ་ཕྱོགས་དངོས་གནས་བྱས་ན་འདི་ཡིན་ད། ཡང་ཕ་མ་ཡིས་ཨི་འདྲས་ལབ་སོང་། ང་འདི་བྱེད་རྒྱུ་རག་མ་སོང་ལབ་ཡག་དང་། གང་ལྟར་ཡང་། སོ་སོ་སོ་སོ་ཡིས་སྒེར་རང་བཙན་འདྲ་ཞིག་མ་ཐོབ་པར་བྱས། མ་ཐོབ་པ་འདི་དཔེ་སོ་སོའི་ཞན་ཆ་ཆེ་ཤོས་རེད་བསམ་གྱི་འདུག
སོ་སོ་མགོ་ཐོན་པ་དང་། སོ་སོ་ཡིས་ངོས་ཟིན་འདྲ་ཞིག་ཐོབ་བྱས། ཨ་ནི། སྤྱི་ཚོགས་སྒང་ལ་སྣེ་ཁྲིད་བྱེད་ནའང་འདྲ། ལས་འགུལ་སྤེལ་ནས། ད་སོ་སོ་ཡི་ཆེད་ལས་རང་བཞིན་ཡིན་ནའང་འདྲ། ཨ་ནི་ལམ་ཁ་དེ་ལ་གོམ་པ་གཉིས་པ་དེ། དེའི་སྒང་ལ་རྒྱབ་ཐུབ་པ་ཞིག་ཆགས་ཀྱི་རེད་བསམ་གྱི་འདུག
ཀ ༽ད་པདྨ་ཆོས་སྒྲོན་ལགས་ཀྱི་ངོས་འཛིན་ཡིན་ན། བོད་ཀྱི་བུད་མེད་འདི་དུས་རབས་ཉི་ཤུ་རྩ་གཅིག་པ་ནང་ལ་རང་ཚུགས་ཟིན་པ། སོ་སོ་ཡི་བསམ་བློ་དེ་སོ་སོ་ཡིས་སྣེ་ཁྲིད་ཐུབ་པ་འདི་འདྲ་ཞིག་དགོས་ཀྱི་ཡོད་རེད་ཟེ་གསུང་གི་ཡོད་རེད་པ། ད་འདྲ་མཉམ་ཟེར་ཡག་རྩོད་གནང་ཡག་ཅིག་ཡོད་རེད་པ། ཐོབ་ཐང་རྩོད་ཡག་འདིའི་ཐོག་ལ་ཁྱེད་རང་ལ་ངོས་འཛིན་གང་འདྲ་ཞིག་ཡོད་ན། ལྟ་སྟངས་གང་འདྲ་ཞིག་ཡོད།
ཁ ༽ལགས་རེད། ལགས་རེད། འདྲ་མཉམ་ཟེར་ཡག་དེ། སོ་སོ་ཡི་གོ་སྐབས་འདྲ་མཉམ་ཞིག ང་ཚོ་ཡི་བོད་པ་སྤྱི་ཚོགས་ལ་རྒྱལ་རབས་ལོ་རྒྱུས་ཡིན་ནའང་འདྲ། ད་ལྟའི་སྤྱི་ཚོགས་ལ་ཡིན་ནའང་འདྲ། ཕལ་ཆེར། གོ་སྐབས་འདྲ་མཉམ་དེ་ཕལ་ཆེར་ཐོབ་ཐུབ་པ་ཡིན་པར་འདྲ་པོ་ཞིག་ང་རང་གིས་མཐོང་གི་འདུག ཡིན་ནའི་ལྟ་སྟངས་འདྲ་མཉམ་ཟེར་ཡག་དང་། ཨ་ནི། ལྟ་སྟངས་འདྲ་མཉམ་གྱི་ཆ་ནས་ད་དུང་ཞན་ཆ་ཞེ་པོ་འདུག་བསམ་གྱི་འདུག
བུ་དང་བུ་མོ་གཉིས་ཆར་ལས་ཀ་བྱེད་ཡག་འདྲ་འདྲ་དང་། ཨ་ནི། སྐད་ཆ་བཤད་ཡག་འདྲ་འདྲ་ཡིན་ནའི། སྤྱི་ཚོགས་ནང་ལ་བུ་མོ་ཞིག་གིས་བཤད་རྒྱོག་དེ་ད་དུང་ཞན་པོ་འདྲ་པོ་ཞིག་ཡོད་པར་འདྲ་ཞིག བུ་དེ་དང་བསྡུར་ན་སྐྱོ་བོ་ཡོད་པའི་བཟོ་འདྲ་དང་། ཨི་འདྲའི་ལྟ་སྟངས་འདྲ་པོ་དང་ཀུན་སློང་འཛིན་སྟངས་འདྲ་པོ་ཨི་འདྲ་ཞིག་འདུག
འདི་ད་ང་ཚོ་ག་རེ་ལབ་དགོས་རེད། ནུབ་ཕྱོགས་པའི་སྐད་ཆ་བཤད་སྟངས་ཡིན་ན། ང་ཚོས་ཐོབ་ཐང་རྩོད་ཡག་གི་གཞི་འདྲ་པོ་ཞིག་ལྷག་བསྡད་ཡོད་རེད། དེ་མ་ཡིན་པའི། སོ་སོ། ག་རེ་ལབ་དགོས་རེད། ང་ཚོ་བོད་པ་ཡིན་ན། བོད་པའི་གཏམ་དཔེ་ལ། ག་རེ་ཟ། དགའ་ལྡན་ཁྲི་ལ་བདག་པོ་མེད། ལབ་ཡག་གི་གཏམ་དཔེ་ཞིག་ཡོད་པ། དེ་ག་ནང་བཞིན་གྱི། སོ་སོ་ཡིས་གལ་སྲིད་བྱུང་པ་ཡིན་ན། ཡང་ང་ཚོའི་སྤྱི་ཚོགས་ཀྱི་གདིང་ཆ་དང་གོ་སྐབས་མེད་པ་ཨི་འདྲ་མ་རེད་བསམ་གྱི་འདུག་ལགས།
ཀ ༽ལགས་སོ། ད་སྲོལ་རྒྱུན་ནས་རྩིས་པ་ཡིན་ན། བོད་པ་ཡི་སྤྱི་ཚོགས་ནང་ལ་བུད་མེད་ཟེར་ཡག་དེ་ནང་གི་ཨ་མ་ལབ་ནས། སྣེ་ཁྲིད་མཁན་དང་སྦྱིན་བདག་འདྲ་པོ། བདག་པོ་གཙོ་བོ་ཞིག་ལ་ངོས་འཛིན་གནང་གི་ཡོད་རེད། སྤུ་གུ་(ཕྲུ་གུ་)ཚང་མ་ལོ་ཡིས་ཨ་མ་དེ་ལ་རྩ་ཆེན་པོ་བརྩི་ཡག་དང་། དེ་འདྲ་ཡི་ལམ་ལུགས་སྲོལ་ཞིག་ཡོད་རེད་པ། ཨ་ནི། དེ་རིང་ཁ་སང་ཡང་བོད་ནང་ལོག་ལ་བུད་མེད་ཟེར་བ་དེའི་ཁྱད་ཆོས་དང་། དེང་དུས་ཀྱི་བུད་མེད་ཀྱི་ཐོབ་ཐང་དང་འབྲེལ་བའི་ཐོག་ལ་བསམ་ཚུལ་གང་འདྲ་ཞིག་ཡོད་རེད།
ཁ ༽ བུད་མེད་ཀྱི་ཐོབ་ཐང་ཟེར་ཡག་དེ། སྤྱི་ཚོགས་ཀྱིས་ལྟ་སྟངས་དང་། སོ་སོའི་ནང་མི་ཡིས་་་་་་་། ལྷག་པར་དུ་སོ་སོའི་བཟའ་ཟླ་ཡིས་ལྟ་སྟངས་དེ། ཆོལ་ཁ་གསུམ་ལ་མཚོན་པ་ཡིན་ནའི་མི་འདྲ་བ་མི་འདྲ་བ་རེད་བསམ་གྱི་འདུག དཔེ་ཆ་བཞག་ན། ལྷ་ས་ཁུལ་དང་། དབུས་གཙང་ཁུལ་ལ། བུད་མེད་ཀྱི་ཐོབ་ཐང་ཟེར་ཡག་དེ། ང་ཚོ་ཁམས་དང་ཨ་མདོ་ཁུལ་ངོ་ཕྱོགས་ལ་བརྩི་བ་ཡིན་ན་ཞེ་དྲགས་ཡག་ག ཡིན་ནའི་ཨ་མདོ་དང་ཁམས་ངོ་ཕྱོགས་ལ་བརྩི་བ་ཡིན་ན། ད་དུང་ཡིན་ན་ཡང་འཁྱོག་ག་དེས་ལམ་ལུགས་སྲོལ་འདྲ་པོ་ཡིན་པ་དང་། སྐྱེ་དམན་དེ་གང་ལྟར་ཡང་ནང་ལ་བསྡད་མཁན་དང་། ཐབ་ཚང་ལ་བསྡད་མཁན། ཨ་ནི། སྤུ་གུ་ལ་ལྟ་རྟོགས་བྱེད་མཁན་དང་། ཨི་འདྲ་ཞིག་མ་གཞི་ཕྱི་ལོགས་ལ་ཐོན་བྱས། མི་རྒྱལ་ཁབ་གཞན་དག་དང་མི་རིགས་གཞན་དག་གི་བུད་མེད་ནང་བཞིན་གྱི། འདྲ་འདྲ་ཡིས་ཚོང་རྒྱག་ཡག་དང་། ཨ་ནི། སློབ་སྦྱོང་གི་ཐོག་ནས་ཞེ་པོ་ཞིག་ལག་འཁྱེར་ལེན་ཡག་གི་ཐབས་ཤེས་དེ་འདྲ་ཞེ་དྲགས་མེད། དགའ་པོ་ཟེ་ཡང་ཞེ་དྲགས་མེད་པའི་བཟོ་འདྲ་པོ་ཞིག་འདུག འདི་ཕལ་ཆེར་བོད་ནང་དང་བཙན་བྱོལ་གཉིས་ཆར་ཁྱད་པར་དང་ཧེ་བག་ཆེན་པོ་ཞིག་འདུག་བསམ་བསམ་གྱི་སྣང་བ་ཞིག་འདུག་ལགས།
ཀ ༽ལགས་སོ། འདི་ཟེར་དུས། བཙན་བྱོལ་ནང་ལ་བུད་མེད་ཀྱི་ཐོབ་ཐང་སྐོར་ལ་བཤད་ཡག་གི་གླེང་གཞི་འདི་དང་། ཡང་བོད་ནང་ལོག་འདི་ཁོར་ཡུག་རེད། རིག་གཞུང་རེད། ས་འབབ་ཀྱི་ཆ་ནས་ཡིན་ནའང་རེད། མི་འདྲ་བ་ཏན་ཏན་ཡོད་རེད་པ།
ཁ ༽འདི་ཡོད་པ་ཞིག་ཚོར་གྱི་འདུག ཏག་ཏག་ཡོད་ས་རེད། ཡོད་ས་རེད་མ་རེད། ཡོད་རེད།
ཀ ༽ལགས་སོ། དེ་རིང་ཁ་སང་བརྩམ་འབྲི་མང་ལོད་གནང་གི་ཡོད། མ་འོངས་པ་ལ་བརྩམ་འབྲི་བྱེད་ཡག་གི་འཆར་གཞི་ག་རེ་ག་རེ་ཡོད།
ཁ ༽ ད་ལྟའི་ཆར་ལ་ངས་གོང་དུ་ཞུས་པ་ནང་བཞིན། བུད་མེད་ཚོགས་པའི་ལས་ཀ། བུད་མེད་ལྷན་ཚོགས་ཀྱི་ལས་ཀ་འདི། རྩོམ་སྒྲིག་གི་ཕྱག་དེབ་འདི་གསུམ་ཆར་མར་བཟོ་ཡག་གི། དེའི་སྒང་ལ་ལས་ཀ་བྱེད་དང་བྱེད་བཞིན་པའི་སྒང་ཡིན། མ་འོངས་པ་ནས་བུད་མེད་ལྷན་ཚོགས་ཟེར་ཡག་གི་སྒྲིག་འཛུགས་འདི་ལོ་གསུམ་ནས་འཕོ་འགྱུར་འགྲོ་ཡག་གི་གནས་སྟངས་ཤིག་ཆགས་བསྡད་ཡོད་རེད། ལོ་གསུམ་འཕོ་འགྱུར་བྱས་ནས་ང་རང་སྒེར་གྱི་ངོས་ནས་སོ་སོའི་དགའ་ཕྱོགས་འདིའི་སྒང་ལ་ཤུགས་རྒྱག་ཐུབ་ཡག་དང་། དེ་འདྲ་ཡི་རེ་བ་གཅིག་ཡོད། ཨ་ནི་དགའ་ཕྱོགས་དེ་ག་རེ་ཆགས་བསྡད་ཡོད་ཟེར་ན། བརྩམས་སྒྲུང་འབྲི་ཡག་འདི་རེད། བརྩམས་སྒྲུང་འབྲི་ཡག་འདིའི་སྒང་ལ་ང་རང་གི་ངོས་ནས། ཆུ་ཚོད་བཏང་དགོས་ཡོད་ནའང་འདྲ། རྒྱུ་ཆ་འཚོལ་དགོས་ཡིན་ནའང་འདྲ། གང་ཐུབ་ཐུབ་དེའི་སྒང་ལ་ཤུགས་རྒྱག་ཡག་གི་རེ་བ་ཞིག་བཅང་བཞིན་ཡོད།
ཀ ༽མ་འོངས་པར་བརྩམས་སྒྲུང་ནང་ལ། ད་གཅིག བཙན་བྱོལ་གྱི་སྤྱི་ཚོགས། དམིགས་བསལ་གྱི་ཁྱེད་རང་ཞུགས་ས་རྡ་རམ་ས་ལ་འདི་ཡིན་ན། རྒྱལ་བ་རིན་པོ་ཆེའི་བཞུགས་སྒར་དང་། དབུས་བོད་མི་སྒྲིག་འཛུགས་ཀྱི་བརྟེན་གཞི་ཡོད་ས་དང་། ཡང་ཕྱོགས་གཞན་པ་ཞིག་ནས་བསམ་བློ་བཏང་པ་ཡིན་ན། རྒྱལ་སྤྱིའི་གྲོང་ཁྱེར། འདི་འདྲ་ཞིག་ཀྱང་ཆགས་ཀྱི་ཡོད་རེད། ཨ་ནི་རྒྱུ་ཆ་མང་པོ་ཞིག་ཡོད་ས་ཡི་གྲོང་ཁྱེར་ཞིག་ཀྱང་རེད། ཁྱེད་རང་འདི་འདྲ་ལ་རྒྱབ་ལྗོངས་གཞི་ལ་བཞག་ནས་ཨི་འདྲ་ཡི་སྒྲུང་འབྲི་ཡག་གི་འཆར་གཞི་ཡོད་པས།
ཁ ༽ ད་ག་རང་རེད། བསོད་ནམས་ལགས་ཀྱིས་གསུངས་པ་ནང་བཞིན་གྱི། རྡ་རམ་ས་བརྗོད་གཞི་ཆེ་བ་ཞིག་ངའི་བརྩམས་སྒྲུང་འབྲི་ཡག་གི་འཆར་གཞི་དང་འདོད་པ་ཡོད། ཨ་ནི། བསོད་ནམས་ལགས་ཀྱིས་གསུངས་པ་ནང་བཞིན་གྱི་ང་ཚོ་བཙན་བྱོལ་བོད་པ་ལ་མཚོན་ན། བཙན་བྱོལ་འདི་གལ་ཆེན་པོ་ཆགས་ཡོད་རེད། བཙན་བྱོལ་ལ་ཡོང་བའི། བཙན་བྱོལ་ལ་ཡོད་རྒྱོག་གི་ང་ཚོའི་མི། བོད་ཕྱི་ནང་གི་མི་ལབ་ནའང་འདྲ། བཙན་བྱོལ་ནང་ཡོད་རྒྱོག་གི་མི་ཚང་ལ། ད་ག་རེ་ལབ་དགོས་རེད། གཏན་འཇགས་ནི་མ་རེད། ཡོང་མི་ཐམས་ཅད་འགྲོ་མི་རེད་ཟེ་ལབ་པ་ནང་བཞིན་གྱི། ས་ཁུལ་འདི་ལ་ཡོད་རྒྱོག་གི་མི་ཚང་མའི་སེམས་བརྟན་པོ་ཞིག་ཡོད་མ་རེད། གནས་སྟངས་བསྡད་ས་ས་ཁུལ་གྱི་ཆ་ནས་ཀྱང་བརྟན་པོ་ཞིག་ཡོད་མ་རེད། བརྟན་པོ་མེད་རྒྱོག་གི་གནས་སྟངས་ཤིག་གི་འོག་ནས། ང་ཚོའི་འཐབ་རྩོད་ཟེར་ཡག་དེ་བརྟན་པོ་ཞིག་ཆགས་ཀྱི་རེད་མ་རེད། བཙན་བྱོལ་གྱི་གནས་བབས། འཐབ་རྩོད་ཀྱི་གནས་བབས་འདི། ལོ་ངོ་བཅུ་ཡི་རྗེས་ནས་གང་འདྲ་ཞིག་ཆགས་ཀྱི་རེད། ཨི་འདྲ་ཡི་སྐོར་ལ་བསམ་བློ་འདྲ་པོ། བརྟག་དཔྱད་འདྲ་པོ་ལབ་དགོས་རེད་པས། ད་སྒྲོ་བཏགས་བྱས་དངོས་པོའི་གནས་ཚུལ་གང་ཡིན་པའི་སྒང་ལ། ཨ་ནི་སོ་སོས་སྒྲོ་བཏགས་བྱས། སྒྲུང་འདྲ་པོ་བཟོ་ཡག་གི་འདོད་པ་ཞིག་ཡོད་ལགས།
ཀ ༽པདྨ་ལགས། དེ་རིང་ང་ཚོ་ལ་དྲྭ་བརྙན་གླེང་མོལ་གྱི་ལས་རིམ་ནང་དུས་ཚོད་གནང་པར་ཐུགས་རྗེ་ཆེ་ཞུ་ཡི་ཡིན།
ཁ ༽ཐུགས་རྗེ་གནང་། གོ་སྐབས་གནང་བར་ཐུགས་རྗེ་གནང་།
ཀ ༽ དེ་དང་ཆབས་ཅིག དྲྭ་བརྙན་གླེང་མོལ་གཟིགས་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ང་ཚོའི་ཐེངས་རྗེས་མའི་དྲྭ་བརྙན་གླེང་མོལ་ལས་རིམ་གཟིགས་རྒྱུ་མ་མཉེས་པར་གནང་རོགས་གནང་