ཆོས་དང་རིག་གཞུང་གི་མཐུན་སྦྱོར།

ཡུལ་མི་དང་འབྲེལ་ལམ།

སྤྱིར་བཏང་བལ་ཡུལ་དུ་ཡོད་པའི་བོད་མི་རྣམས་ཆབ་སྲིད་ཀྱི་ཐོག་ནས་དཀའ་ངལ་འཕྲད་པའམ་སྟབས་མི་བདེ་བ་ཡོད་ན་ཡང་། ཡུལ་མི་དང་མཉམ་དུ་སྡོད་དུས་དམིགས་བསལ་གྱི་དཀའ་ངལ་འཕྲད་ཀྱི་མེད། གང་ལགས་ཤེ་ན། བལ་ཡུལ་གྱི་མི་དམངས་ནི་ཉམས་ཆུང་ལ་ཕན་ཚུན་གཤིབས་བདེ་པོའམ་འདྲིས་བདེ་པོ་ཡོད། ལྷག་པར་དུ་བལ་ཡུལ་གྱི་མི་དམངས་རྣམས་ཆོས་དད་ཆེ་ཞིང་མི་གཞན་ལ་གུས་བརྩི་ལྡན་པའི་ཡ་རབས་ཀྱི་གོམས་སྲོལ་བཟང་པོ་ཡོད་ལ། བལ་ཡུལ་ནང་དུ་མཚམས་རེ་ནང་པ་དང་ཧིན་དྷུ་གཉིས་ཀས་མཆོད་འབུལ་བྱེད་སའི་གནས་དང་ལྷ་སོགས་མང་པོ་ཡོད་པས་བལ་ཡུལ་དུ་ཡུལ་མི་དང་ལྷན་དུ་ཞི་བདེ་བག་ཕེབས་ཀྱི་ངང་འཚོ་ཐུབ།

གཅིག་ཕན་གཅིག་གྲོགས་ཀྱི་བསླབ་བྱ་ལེན་པ།

སྤྱིར་ཡུལ་ལུང་གང་འདྲ་ཞིག་ཡིན་རུ་ང་སོ་སོའི་རིག་གཞུང་དང་བསམ་བློའི་གཤིས་ཀ་ནི་རྒྱ་ཆེ་ལ་རྒྱབ་ལྗོངས་ཀྱང་དམིགས་བསལ་བ་རེ་ཡོད་པ་ནི་བརྗོད་ག་ལ་དགོས། འོན་ཏེ་མཚམས་རེ་རིག་གཞུང་ངམ་ལུགས་སྲོལ། དེ་བཞིན་དུ་བསམ་བློའི་གོམས་གཤིས་སོགས་ཀྱང་མཐུན་པའི་ཆ་དུ་མ་ཞིག་ཡོད་པ་གསལ་པོར་ངེས་པས། ཕན་ཚུན་རྒྱུས་ལོན་བྱས་ཏེ་ཞི་བདེ་ལྡན་པའི་སྤྱི་ཚོགས་དང་ཁོར་ཡུག་ཅིག་སྐྲུན་རྒྱུའི་ནུས་པ་གོང་མཐོར་གཏོང་ཐུབ་སྙམ། དཔེར་ན། བོད་པ་དང་བལ་ཡུལ་བ་གཉིས་ཀ་ཆོས་སེམས་ལྡན་ལ་དད་སེམས་དཀར་བ་ཞིག་ཡིན་མོད། ནང་གི་ཀུན་སློང་ཁྱེར་སྟངས་ཀྱི་ཁྱད་པར་མི་འདྲ་བས་ཕན་ཚུན་བསམ་བློ་བརྗེ་རེས་བྱས་ཏེ་ལྷག་བསམ་དང་སྙིང་རྗེ་གོང་མཐོར་བཏང་ནས་ཆོས་སེམས་དང་དད་སེམས་དེ་དག་སྤུས་དག་ཏུ་གཏོང་ཐུབ་སྙམ།

དམངས་ཁྲོད་དུ་ཆོས་ཀྱི་གོ་དོན།

བོད་ཀྱི་རིག་གཞུང་དང་གོམས་སྲོལ་ནི་ཆོས་དང་འབྲེལ་བ་དམ་པོ་ཞིག་ཡོད་ལ། ལྷག་ཏུ་ནང་ཆོས་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཡིན། དཔེར་ན། དམངས་ཁྲོད་དུ་ཆོས་ཀྱི་གོ་དོན་གཏིང་ཟབ་པོ་མི་ཤེས་ན་ཡང་སྐད་ཆ་ཤོད་ཐུབ་པའི་བྱིས་པ་ཆུང་ངུའི་དུས་ནས་བསམ་བློའི་ནང་དུ་མི་ཡག་པོ་བྱེད་དགོས། ཕ་མ་སོགས་མི་རྒན་པ་ལ་གུས་བརྩི་བྱེད་དགོས། འབུ་སྲིན་ཕྲ་མོ་ཡན་ཆད་ལ་སྙིང་རྗེ་བྱེད་དགོས། ཆུའི་ནང་དུ་གཅིན་པ་གཏོང་མི་རུང་། གལ་སྲིད་གཅིན་པ་བཏང་ན་མ་འོངས་པར་ཤི་བའི་རྗེས་སུ་གཤིན་རྗེ་ཆོ་རྒྱལ་གྱིས་ཁྲིམས་གཏང་གི་རེད་ཅེས་པའི་རང་བཞིན་ལྷན་སྐྱེས་ཀྱི་བསམ་བློ་ཡོད་པ་དང་། དེ་བཞིན་མི་རྒན་པའི་བསམ་བློའི་ནང་དུ་ལས་རྒྱུ་འབྲས་ལ་བརྩི་སྲུང་བྱེད་དགོས་པ་དང་། མི་དྲང་པོ་བྱེད་དགོས་པ། བླ་མ་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་སོགས་མི་དགེ་བཅུ་སྤོང་དང་དགེ་བཅུ་སྒྲུབ་པའི་བསམ་བློ་དྭངས་མ་ཞིག་རང་བཞིན་ལྷན་སྐྱེས་སུ་གྲུབ་ཡོད།

མདོར་ན་གོང་དུ་བཞུས་པ་ལྟར་བོད་མི་དང་ཡུལ་མི་དབར་གཞི་རྩའི་རིག་གཞུང་དང་ལུགས་སྲོལ། ལྷག་པར་དུ་ཆོས་དད་ཀྱི་བསམ་བློ་མཐུན་པའི་རྐྱེན་དུ་མ་ཡོད་པའི་རྒྱུ་མཚན་གྱིས། མཐུན་ལམ་སྔར་བཞིན་མི་ཉམས་པ་དང་མ་འོངས་པར་འབྲེལ་ལམ་དམ་ཟབ་ཏུ་འགྲོ་བའི་མཐུན་རྐྱེན་དང་གོ་སྐབས་མང་པོ་ཡོད་པར་མཐོང་། དེས་ན་མ་འོངས་པར་ཕན་ཚུན་བསམ་བློ་བརྗེ་རེས་བགྱིས་ནས་གུ་ཡངས་ཀྱི་བསམ་བློ་རྒྱ་སྐྱེད་བཏང་སྟེ། ཆེས་མཛེས་སྡུག་ལྡན་པའི་གངས་རི་དང་། སྤང་རི། ནགས་ཚལ་ལ་སོགས་པ་རང་བྱུང་ཁམས་ཀྱི་ཁོར་ཡུག་ལ་བདག་གཅེས་བྱེད་པ་དང་། ཞི་བདེ་བག་ཕེབས་ཀྱི་སྤྱི་ཚོགས་འདི་བརྟན་བརླིང་དུ་གཏོང་ཐུབ་པའི་རེ་བ་ཉག་ཅིག་གོ།ས་རེ་ཆེ།